Friday, November 21, 2008

༄༅། །ཞི་བདེའི འཕྲིན་ཆ།།

༄༅། །ཞི་བདེ་དང་རང་དབང་ལ་དགའ་བའི་མཁྱེན་དཔྱོད་མཆོག་ཏུ་ཡངས་པའི་འཛམ་གླིང་གྱི་དབུ་ཁྲིད་རྣམས་ཀྱི་གཙོས་མི་མང་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། དེང་སྐབས་ཕྱོགས་མཚམས་ཀུན་ཏུ་སྐྱེ་བོ་ཕལ་མོ་ཆེར་འཇིག་ལྟས་ང་རྒྱལ་ཞིང་ལྟ་ངན་གཅོང་རོང་དུ་ལྷུང་ཞིང་། འདོད་ཡོན་གྱིས་མྱོས་པ་སོགས་ནང་གི་ཉོན་མོངས་རག་པ་འཕེལ་ཞིང་། འགྲན་སེམས་དང་ཕྲག་དོག་བཅས་ཀྱི་འཛམ་གླིང་ཧྲིལ་བོ་ཁ་ལོར་བསྒྱུར་བཞིན་པའི་གནས་སྐབས་འདིར། འཇིག་རྟེན་སྤྱིའི་བདེ་སྡུག་ལ་འགན་འཁྲི་ཡོད་པའི་མཁས་དབང་མང་པོ་ཞིག་གིས་དུས་རབས་ཀྱི་དཀྱོགས་མཚམས་སུ་འཛམ་གླིང་ས་ཆེན་འདིར་མཛེས་ཤིང་ཡིད་དུ་འོང་བའི་ཞི་བདེའི་འཁོར་ཡུག་གཅིག་ཏུ་བསྐྲུན་རྒྱུར་འབད་བརྩོན་བྱས་དང་བྱེད་བཞིན་པའི་ནང་། མཁས་དབང་མང་པོས་ཐུན་མོང་ལ་བདེན་པའི་ལམ་ནས་ཡིད་ཆེས་དང་ངེས་ཤེས་རྙེད་པ་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཞི་བསིལ་ཆོས་ཀྱི་ཐབས་ལམ་འདི་ཉིད་མ་བརྒྱུད་པར་གཏན་གྱི་བདེ་བ་ཞིག་ཡོང་ཐབས་མེད་པ་དེ་ཡིན།
རྒྱུ་མཚན་དེ་ལ་བརྟེན་ནས་བློ་གྲོས་གཟུར་བོར་གནས་ཤིང་མཁས་མཛངས་ལྡན་པའི་འཛམ་གླིང་གི་དབུ་ཁྲིད་ཚོས་སྟོན་པའི་གདུང་ཚབ ༧ གོང་ས ༧ སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་བསྟོད་སྲིད་གསུམ་གྱི་འཛིན་མའི་ཁྱོན་དུ་བསྒྲགས་པའང་དོན་དང་ལྡན་པར་སེམས་སོ།
གོ་ལའི་འཁོར་འགྲོས་དང་དུས་ཀྱི་རྟགས་མཚན་བཅས་ལ་ལྟར་སྣང་གི་ཡར་རྒྱས་ཇི་ལྟར་ཕྱིན་ཀྱང་། འཇིག་རྟེན་འདིའི་ཐོག་ཏུ་ཕྱིའི་དངོས་པོ་དང་ནང་གི་བསམ་བློ་གཉིས་ཀར་མི་འདོད་པའི་རྐྱེན་ངན་སྣ་ཚོགས་ཡོང་དང་ཡོང་བཞིན་ཁ་འདིའང་མཐར་གཏུགས་ན་ཆགས་སྡང་གཉིས་ཀྱིས་གཞན་དབང་དུ་ཤོར་བར་དཔོག་ཐུབ། གང་ཞིག་ཞི་བསིལ་གཏན་གྱི་བདེ་བ་ལྷུར་ལེན་པའི་སྐྱེ་བོ་དག་གིས་ཆགས་སྡང་གཉིས་ཀྱི་ངོ་བོ་དང་། ལྷག་པར་དུ་འཚེ་བ་མེད་པ་ཞེས་པའི་ཚིག་འབྲུ་གཉིས་ཀྱི་དོན་དག་གོ་བ་དཔྱིས་ཕྱིན་པ་ཤེས་དགོས་པ་མ་ཟད། ཁ་བཤད་ལག་ལེན་ཐོག་ཏུ་ངེས་པར་དུ་འགེལ་དགོས།དེ་ཡང་བྱམས་པ་དང་སྙིང་རྗེ་རྩ་བ་ཅན་གྱི་གཞན་ཕན་ཁུར་དུ་འཁྱེར་བའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཕན་ཚུན་མི་མཐུན་པའི་ཕྱོགས་ཐམས་ཅད་ཆོས་ཕྱོགས་ནས་ཞི་བ་བྱེད་དགོས། ཐབས་ལམ་དེ་ལ་མ་བརྟེན་པར་ཞི་སྒོ་གཉིས་པ་ཞིག་བཙལ་ན། ངལ་བ་དོན་མེད་པ་མ་ཟད། རྙེད་རྒྱུ་ཡང་ནམ་མཁའི་མེ་ཏོག་དང་མཚུངས་སོ།
འཚེ་མེད་ཞི་བའི་ལམ་གྱི་དགྲ་བོ་ནི། འཛམ་གླིང་ནང་དུ་དམག་དོན་གྱི་བྱ་བ་རྣམས་ཡིན་ལ། འཛམ་གླིང་འདིའི་སྒང་དུ་དམག་དོན་གྱི་བྱ་བ་ཇི་སྲིད་ནམ་གནས་བར་དུ་དེ་སྲིད་དུ་འཛམ་གླིང་ཞི་བདེ་ཡོང་ཐབས་མེད་ལ། མཁས་དབང་རྣམས་ཀྱི་འཛམ་གླིང་ནང་དུ་དམག་དོན་གྱི་བྱ་བ་དང་རྡུལ་མཚོན་ཆ་རིགས་ཉུང་འཁྲི་གཏོང་རྒྱུ་དང་མེད་པར་བཟོ་རྒྱུ་ནི་དུས་རབས་གསར་པ་འདིའི་ནང་དུ་ཕྲག་ཏུ་བབས་པའི་ལས་འགན་ཆེ་ཤོས་ཞིག་ཏུ་མངོན། ཕྲན་ལ་དམག་དོན་གྱི་བྱ་བ་རྣམས་མེད་པར་བཟོ་ཐུབ་པའི་ནུས་མེད་ཀྱང་། རང་བཞིན་གྱིས་མེད་པར་ཆགས་ན་སྙིང་གི་དཀྱིལ་ནས་དགའ་ཞེན་དང་ཡི་རང་གནས་སུ་མཆིས།
རྒྱལ་ཁབ་ཕན་ཚུན་བར་གྱི་མི་མཐུན་པའི་ཆེ་ཤོས་ཡང་། རྒྱལ་ཁབ་དེ་དང་དེའི་ནང་དུ་དམག་མི་འབོར་ཆེན་ཡར་རྒྱས་གཏོང་རྒྱུ་དང་། དེ་བཞིན་དུ་རྡུལ་ཕྲན་མཚོན་ཆ་ལ་སོགས་པའི་ཧ་ཅང་གི་ཉེན་ཁ་ཆེ་བའི་གོ་མཚོན་འདྲ་མིན་སྣ་ཚོགས་ཡར་རྒྱས་གཏོང་བའི་རྐྱེན་གྱིས་རྒྱལ་ཁབ་གཅིག་འོག་གཅིག་ཏུ་ཚུད་པའི་ཉེན་ཁ་མཐོང་ནས་ཕན་ཚུན་ཕྲག་དོག་དང་། འགྲན་སེམས། ཆགས་སྡང་བཅས་ཀྱི་ཉོན་མོངས་རགས་པའི་གཞན་དབང་དུ་གྱུར་ཚེ། མི་གསོད་ཕྲག་སྦྱོར་གྱི་བྱ་བ་སྣ་ཚོགས་དེ་འདྲ་ཡོང་བཞིན་པ་ནི་མིག་མཐོང་ལག་ཟིནཡིན། འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་དུ་དམག་དོན་གྱི་བྱ་བ་མེད་པ་དང་། རྡུལ་ཕྲན་མཚོན་ཆའི་རིགས་གང་ཡིན་མེད་ན། རྒྱལ་ཁབཕན་ཚུན་བར་འབུ་ཆེ་ཆུང་ཟ་འོང་བསམ་པའི་ཉེན་ཁ་ལས་ཡོངས་སུ་གྲོལ་བ་མ་ཟད། དུས་དེ་ནས་བཟུང་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེའི་ཚོར་བ་གནས་ཐུབ་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་གཅོད་ཆོག་པ་བཅས་བདག་གིས་མགྲིན་པ་གསང་ནས་སྤོབས་པ་དང་བཅས་སྨྲས་སོ།། །།

སེར་བྱེས་ལྡན་མ་དགེ་བཤེས་བསོད་ནམས་འགྱུར་མེད་ནས། ༢༠༠༨ ཚེས ༢༥ ཉིན་བྲིས།།

Saturday, November 8, 2008

༄༅། །ཚད་ལྡན་གྱི་ལས་དང་ཚད་ལྡན་གྱི་བསྙེན་བཀུར།


ཆོས་ཀྱི་སྡེ་ཆེན་རིས་མེད་དགེ་འདུན་སྡེ།།
རྣམ་དག་ཆོས་ཀྱི་ཐབས་ལམ་སྟོན་མཛད་པའི།།
རྒྱལ་སྲས་བླ་སྤྲུལ་དགེ་བའི་བཤེས་རྣམས།།
བདག་གི་སྒོ་གསུམ་གུས་པའི་སྙིང་ནས་འདུད།།

ཕྱི་ཚུལ་དུལ་བའི་སྤྱོད་ལམ་དོན་དང་ལྡན།།
ནང་སེམས་དུལ་བའི་ཉམས་ལེན་རང་རྒྱུད་ཕྱུག །
ཕྱི་གཙང་ནང་གཙང་རྟུལ་ཞུགས་ལ་གནས་པའི།།
ངེས་དོན་དགེ་བའི་བཤེས་རྣམས་རྟག་ཏུ་འདུད།།

བསླབ་པ་གསུམ་གྱི་ལམ་ལ་ཉམས་ལེན་གྱི།།
སྡེ་སྣོད་གསུམ་གྱི་གཞུང་ལ་འཆད་ཉན་དང་།།
བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ལ།།
བརྩོན་པའི་དགེ་འདུན་རྣམས་ལའང་སྙིང་ནས་འདུད།།

ཆོས་པའི་གཟུགས་བརྙན་ཆོས་ཚོང་བྱེད་འདོད་ཀྱིས།།
ཆོས་གོས་སེར་པོ་གྱོན་ནས་ཆོས་མིང་ཁྱེར།།
ཆོས་ཀྱི་གསུང་རབ་ཚོང་རྫས་འདུ་ཤེས་ཀྱིས།།
ཆོས་ཀྱི་ཁྱབ་སྤེལ་བྱེད་ལ་ངས་མི་གུས།།

ཆོས་ཀྱི་ཚིག་བཅད་རེ་ལ་སྒྲོ་ལོ་རེ།།
དབང་བསྐུར་རྗེས་གནང་རེ་ལ་སྒྲོ་ལོ་རེ།།
མོ་ལུང་རྩིས་པ་རེ་ལ་སྒྲོ་ལོ་རེ།།
ཆོས་ཀྱི་ཚོང་དཔོན་རྣམས་ལ་ངས་མི་གུས།།

མིང་ལ་ཆོས་ཚོགས་དོན་ལ་ཁྲོམ་ར་ཉིད།།
ཕྱི་ཡི་ཆོས་གཟུགས་ནང་ན་བསམ་རྒྱུ་དངུལ།།
ཁ་ཞེ་མི་མཐུན་གཏིང་ནག་གཡོ་སྒྱུ་ཅན།།
འཇིགརྟེན་བླུན་རྒན་རྣམས་ལ་ངས་མི་གུས།།

དམ་ཆོས་འཚོང་རིན་ཐོབ་པའི་སྒྲོ་ལོ་དངུལ།།
ལོག་འཚོ་དུག་དང་འདྲེས་པའི་ཟས་གོས་སོགས།།
དགེ་འདུན་སྡེ་ལ་དྲངས་པ་མ་འོས་པས།།
ཚད་ལྡན་བསྙེན་བཀུར་ངོར་རེ་ཤེས་པར་གྱིས།།

སེར་བྱེས་ལྡན་མ་དགེ་བཤེས་བསོད་ནམས་འགྱུར་མེད་ནས། ༢༠༠༧ ཕྱི་ཟླ ༨ཚེས༢༥ཉིན་བྲིས།། །།

Wednesday, October 29, 2008

སེ་ར་ཐེག་ཆེན་གླིང་།

མཛེས་ཤིང་ལྟ་ན་སྡུག་པའི་ཆོས་ཀྱི་སྡེ།།
དགའ་ལྡན་གནས་དང་གཉིས་སུ་མཆིས་པའི།།
བཤད་སྒྲུབ་བསྟན་པའི་འབྱུང་གནས་གངས་ཆེན་མཚོ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

མཁས་མང་གསེར་རིའི་ཕྲེང་བ་མཚར་དུ་དངར།།
གདམས་པའི་ཞལ་གྱི་བུམ་བཟང་ལས་འོངས་བའི།།
གསུང་རབ་མར་གྱི་ཉིང་ཁུ་འབྱུང་བའི་སྡེ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

ངུར་སྨྲིག་རྒྱལ་མཚན་འཛིན་པའི་དགེ་འདུན་སྡེ།།
ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་ཉམས་ལེན་དང་།།
འཁོར་ལོ་གསུམ་གྱི་བྱ་བ་འབྱུང་བའི་གནས།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

ཐོས་པ་ངོམས་མེད་གཞུང་ལུགས་བརྒྱ་ཕྲག་གཟིགས།།
བསམ་པའི་གཞུང་དོན་བསྒོམ་པའི་གནད་ལ་སྦྱོར།།
ཐོས་བསམ་སྒོམ་གསུམ་རིག་པའི་འབྱུང་བའི་གནས།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

ཟབ་མོའི་ཕར་ཕྱིན་ཐེག་དང་རྡོ་རྗེའི་ཐེག །
རིམ་པ་གཉིས་ཀྱི་གནད་རྣམས་རྒྱུད་ལ་སྦྱར།།
མདོ་སྔགས་ཉམས་ལེན་སྒོམ་སྒྲུབ་བྱེད་པའི་གནས།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

འཆད་པའི་རྒྱལ་བའི་དགོངས་དོན་གསལ་བ་དང་།།
རྩོད་པའི་གཞན་རྣམས་ཚར་གཅོད་རྩོམ་གྱིས་བསྡུ།།
འཆད་རྩོམ་གསུམ་རིག་པའི་འབྱུང་བའི་གནས།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

མུ་ཏིག་དར་ལ་བརྒྱུད་འདྲ་འདུས་ཚོགས་གྲལ།།
མཇལ་བའི་མོད་ལ་དད་པ་དབང་མེད་ཐོབ།།
ལྷད་མེད་དད་པ་འབྱུང་གནས་དགེ་འདུན་སྡེ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

ཚོགས་པའི་དབུས་སུ་འདོན་དབྱངས་ལྷང་ལྷང་སྒྲོགས།།
ཐོས་པའི་མོད་ལ་ཡིད་སེམས་དབང་མེད་འཕྲོགས།།
གཞན་སེམས་དབང་མེད་འགུགས་པའི་དགེ་འདུན་སྡེ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

ཉིན་མཚན་བཟླས་བརྗོད་དཀའ་ཐུབ་བརྟེན་པ་རྣམས།།
དྲན་པའི་མོད་ལ་ཡིད་ལ་ངོ་མཚར་སྐྱེས།།
ངོ་མཚར་རྨད་བྱུང་འབྱུང་བའི་དགེ་འདུན་སྡེ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

འབད་རྩོལ་མི་དགོས་ལོངས་སྤྱོད་ངང་གིས་འབྱུང་།།
འབད་པའི་སྒྲུབ་པའི་ཐར་བའི་ལམ་སྣ་ཟིན།།
གནས་སྐབས་མཐར་ཐུག་དགོས་འདོད་འབྱུང་བའི་གནས།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

གསོན་པོའི་སྐུ་རིམ་འདས་པོའི་བསྔོ་སྨོན་ཆེད།།
དད་པའི་རྫས་རྣམས་དགེ་འདུན་ཚོགས་སུ་བསྔོ།།
འདི་ཕྱིའི་སྐྱབས་གནས་འདུས་པའི་དགེ་འདུན་སྡེ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

རབ་དཀར་ལྷག་བསམ་དཀར་པོས་ཡིད་དྲངས་ཏེ།།
དགེ་འདུན་བསྙེན་བཀུར་སྒོ་གསུམ་ཞབས་ཏོག་བསྒྲུབས།།
དད་ལྡན་ལྷག་བསམ་ཅན་རྣམས་འདུ་བའི་སྡེ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས།།
བསྟན་འཛིན་སྐྱེས་བུ་མཛད་འཕྲིན་ནམ་མཁའ་མཉམ།།
དགེ་འདུན་སྡེ་རྣམས་དབྱར་མཚོ་བཞིན་དུ་འཕེལ།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།

སྤྱི་ལོ ༢༠༠༧ ཕྱི་ཟླ ༥ ཚེས ༡༩ ཉིན། སེར་བྱེས་ལྡན་མ་དགེ་བཤེས་བསོད་ནམས་འགྱུར་མེད་ནས་རང་ཤགས་ཏུ་བྲིས་པའོ།། །།

Tuesday, October 21, 2008

རང་གཤིས།


འཇོན་པོ་ཕལ་ཆེར་ཕྱི་རོལ་ཡུལ་དུ་འགྲོ །
ཕྱི་ནང་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ།།
ཉམ་ཐག་ཕལ་ཆེར་ཤིང་ནགས་ནང་དུ་ལུས།།
དེ་བས་ཉམ་ཐག་རྫ་ཁང་ནང་དུ་ལུས།།

ཤེས་རབ་མེད་ཀྱང་ཤེས་བྱའི་གནས་ལ་སྦྱངས།།
བརྩོན་འགྲུས་མེད་ཀྱང་ལོ་མང་ངལ་བར་བྱས།།
འབད་པ་མེད་ཀྱང་སྦྱང་པ་མཐའ་རུ་ཕྱིན།།
ས་མཐའི་སྤྲང་འཁྱམས་མི་ཚེའི་འདུན་མ་ཡིན།།

མཁས་པ་མིན་ཀྱང་གཞུང་ལུགས་གསར་རྩོམ་བྱས།།
བཙུན་པ་མིན་ཀྱང་རབ་བྱུང་ཆ་ལུགས་འཛིན།།
བཟང་པོ་མིན་ཀྱང་ཀུན་ལ་འཛུམ་གྱིས་བསུས།།
ས་མཐའི་སྤྲང་འཁྱམས་ང་ཡི་ཁྱད་ནོར་ཡིན།།

འཇོན་པོ་མིན་ཀྱང་དཔོན་གྱི་གོ་ས་ཡོད།།
བླ་སྤྲུལ་མིན་ཀྱང་འཁོར་ཚོགས་རྒྱ་ཚོགས་བསྐོར།།
སྐྱེ་གཟུགས་མེད་ཀྱང་མཛེས་མ་ངང་གིས་འཁོར།།
ས་མཐའི་སྤྲང་འཁྱམས་ང་ཡི་ཁྱད་ཆོས་གསུམ།།

སྐྱིད་པོ་ཡོད་ཀྱང་བདེ་བའི་ཚོར་སྣང་མེད།།
མཐུན་རྐྱེན་འཛོམས་ཀྱང་མཐུན་པའི་གྲོགས་པོ་མེད།།
ལོངས་སྤྱོད་འཛོམས་ཀྱང་ཁེར་རྐྱང་ཚོར་བ་དེ།།
ས་མཐའི་སྤྲང་འཁྱམས་ང་ཡི་ཕམ་ཁ་གསུམ།།

དྲང་པོ་བཤད་ཀྱང་རྫུན་དུ་གོ་ལོག་ཐེབས།།
ཕན་པ་བྱས་ཀྱང་དགྲ་བོ་དངས་མར་འཛིན།།
བཟང་པོ་བྱས་ཀྱང་དྲིན་ལས་ལོག་མཇལ་བྱེད།།
ས་མཐའི་སྤྲང་འཁྱམས་ང་ཡི་བློ་འགྱེད་གཞི།།

མཐོ་པོ་ཡིན་ཀྱང་ངོར་བསྟོད་ངས་མི་ཤེས།།
དམན་པ་རྣམས་ལ་བརྙས་བཅོས་བྱེད་མ་མྱོང་།།
བར་པ་རྣམས་ལ་ཕྲག་དོག་འགྲན་སེམས་མེད།།
ས་མཐའི་སྤྲང་འཁྱམས་ང་ཡི་རང་གཤིས་ཡིན།།

དཀར་པོའི་གདོང་པ་མཐོང་དུས་འཛུམ་གྱིས་བསུས།།
ནག་པོའི་གདོང་པ་མཐོང་དུས་གདོང་པ་སྨད།།
འབྱོར་ལྡན་ཕྱུག་པོའི་མདུན་ནས་སྤྲེའུ་འཁྲབ།།
ས་མཐའི་སྤྲང་འཁྱམས་ང་ཡི་དེ་མི་ཤེས།།

ཕྱི་རོལ་དགྲ་བོ་རྣམས་ཀྱིས་ཕྲ་མ་བཅུག །
ནང་མཐུན་གྲོགས་པོ་རྣམས་ཀྱིས་མགོ་སྐོར་བསླུས།།
བར་པ་རྣམས་ཀྱིས་རྫུན་ཁྲམ་འཁོར་ལོ་བསྐོར།།
ས་མཐའི་སྤྲང་འཁྱམས་མི་ལ་རེ་ཐག་ཆོད།།

འབྱོར་ལྡན་ཡིན་ཀྱང་འབྱོར་པས་ངོམས་པ་མེད།།
འབྱོར་མེད་རྣམས་ནི་འབྱོར་པའི་ཕྱོགས་ལ་རྔམས།།
མདོར་ན་འཇིག་རྟེན་ཐམས་་ཅད་འབྱོར་པར་རྔམས།།
ས་མཐའི་སྤྲང་འཁྱམས་འཁོར་བར་ཞེན་པར་ལོག །

རེ་ལྟོས་མི་ལ་མི་བྱེད་དཀོན་མཆོག་མཆོད།།
སྐྱིད་སྡུག་ཅི་བྱུང་ལས་འབྲས་གཞི་ལ་བཅོལ།།
བཟང་ངན་གང་བྱེད་བདེན་པའི་རྒྱབ་རྟེན་བྱེད།།
ས་མཐའི་སྤྲང་འཁྱམས་ང་ཡི་བྱེད་སྟངས་དངོས།།

ཅེས་ཟང་ཟིང་ཆེ་འཇིག་རྟེན་འདིར་དུས་ཚོད་ཉེར་བཞིའི་རིང་གྲ་མ་འགྲིག་པའི་གནས་ཚུལ་གྱིས་སྐྱིད་པོ་འདོད་ཀྱང་སྡུག་བསྔལ་ཤ་སྟག་གི་མནར་བར་མཐོང་དུས་འཁོར་བ་ལ་སྙིང་པོ་མེད་པས་བསམ་ནས་རྒྱ་གར་ནུབ་ཕྱོགས་ཅག་ཀ་རི་ཏ་ནས་སྤྱི་ལོ༡༩༩༩ལོའི་ཕྱི་ཟླ༧ཚེས༢༨ཉིན་དགེ་བཤེས་བསོད་ནམས་འགྱུར་མེད་མིང་པས་བྲིས་པ་དགེའོ།།

Monday, October 20, 2008

ཨ་མའི་དྲན་གདུང་།


ལུས་ཀྱི་ལྟེ་ཕྲག་གངས་ལྗོངས་འཕོས་ཀྱང་མི་ཚེ་ཕལ་ཆེར་ས་མཐར་སྐྱེལ།།
བྱམས་བརྩེས་སྐྱོང་བའི་ཨ་མ་ཡོད་ཀྱང་ཞལ་རས་མཇལ་བའི་རེ་བ་དབེན།།
ཁ་ཞེ་མེད་པའི་དྲིན་ལས་མཇལ་འདོད་འབར་བའི་མེ་ལྕེ་དགུང་ལ་འཕྱོ།།
སེམས་ཀྱི་དངས་བས་དད་པའི་བཀུར་བསྟིའི་བཀོད་པ་སྣ་ཚོགས་ལན་བརྒྱ་མཆོད།།

ལྷོ་ཕྱོགས་མ་ལ་རི་ཡི་ཉེ་འགྲམ་རྒྱུས་མེད་མི་ཡི་ས་མཐར་རུ།།
ཨ་མ་མེད་པའི་དེང་གི་དུས་འདིར་སེམས་ནི་ཚོར་བ་ཁེར་རྐྱང་ཉིད།།
ཉིན་མཚན་མེད་པར་དྲིན་ཆེན་ཨ་མའི་ཞལ་རས་ཡིད་ལ་ལྷང་ལྷང་དྲན།།
བྱམས་པའི་སེམས་ཀྱི་གཏམ་གྱི་མཛའ་བརྩེའི་ཕན་པའི་བསླབ་བྱ་དེ་ཡང་དྲན།།

སྡུག་བསྔལ་བསྐལ་བ་ཁྱད་དུ་གསོད་ནས་རྣམ་ཤེས་གསོས་པ་དེ་ཡང་དྲན།།
ལྷད་མེད་བརྩེ་སེམས་ལུས་བསྐྱེད་གསོས་པའི་ནུ་ཞོ་བསྣུན་པ་དེ་ཡང་དྲན།།
མཉམ་འཛོམས་ཞལ་ཟས་ལོངས་སུ་སྤྱོད་ཚེ་ཟས་ཕུད་སྦྱིན་པ་དེ་ཡང་དྲན།།
འཇམ་པོའི་ཕྱག་གིས་བྱམས་གྱིས་སྐྱོང་བའི་རེག་ཐུག་ཚོར་བ་དེ་ཡང་དྲན།།

མ་བུ་བཅིངས་པའི་བརྩེ་དུང་ཁ་བྲལ་འགྲོ་བསམ་ཡིད་ལ་མེད་ན་ཡང་།།
ཅི་འཆར་མེད་པའི་དུས་ཀྱི་མཐར་ལ་སོ་སོར་བྲལ་དགོས་སྡུག་བསྔལ་མྱོང་།།
ཤི་ནས་དམྱལ་བའི་སྡུག་བསྡལ་མྱོང་ན་ལུགས་དང་མཐུན་པའི་འོས་པ་ལ།།
མ་ཤི་གསོན་བྲལ་སྡུག་བསྔལ་འདི་ནི་ས་རྡོ་ཡིན་ཀྱང་ག་ལ་ནུས།།

སྔོན་བསགས་ལས་ངན་འབྲས་བུ་འདི་འདྲ་ནམ་ཞིག་བསགས་པ་ཡིན་ལགས་སམ།།
ཇ་ཡུན་ཙམ་ལ་བྲལ་ཐབས་མེད་ཀྱང་ལོ་ཟླ་ཞག་གི་བར་ཐག་རྒྱང་།།
སྔོན་གྱི་ལས་དབང་བཙན་པོ་ཞིག་གིས་རང་དབང་མེད་པར་ས་མཐར་སྐྱེལ།།
སེམས་ཀྱི་འཁྱེར་སོ་ཨ་མ་ཉིད་ནི་ཉིན་མཚན་བར་མེད་བློ་ངོར་ཤར།།

བཙན་ཐབས་བྱས་ཏེ་བློ་སྒོ་བཀག་ཀྱང་ད་དུང་ཚོར་བ་སྣོན་མ་ཞིག །
ཀྱེ་མ་ཀྱི་ཧུད་འཇིག་རྟེན་འདི་རུ་འཚོ་ཐབས་ག་འདྲའི་ཆོད་ལགས་སམ།།
ད་ལྟའི་ཁེར་རྐྱང་སྡུག་བསྔལ་འདི་ནི་ང་རང་ལས་དབང་ཡིན་ན་ཡང་།
མཐུ་སྟོབས་ཡོད་ན་ལས་ཀྱི་འཆིང་ཐག་ད་ལྟ་ཉིད་དུ་གཅོད་ན་བསམ།།

ནུས་པ་ཡོད་ན་གྱེས་བྲལ་སྡུག་བསྔལ་འཕྲལ་དུ་སེལ་ནས་ངོས་ཐུག་བསམ༎།
རྫུ་འཕྲུལ་ཡོད་ན་སྐད་ཅིག་ཉིད་ལ་མ་དང་ལྷན་ཅིག་བསྡད་ན་བསམ།།
ཨའོ་བུ་ཆུང་བསམ་བསམ་མ་མང་མི་ཚེ་ཕུགས་རྒྱང་རིང་ལ་བསམ།།
བསམ་འདུན་ཕུགས་རྒྱང་རིང་དུ་གཏོང་ནས་མ་འོངས་ལྷག་པའི་མི་ཚེ་ནང་།།

སྔོན་མཉམ་བཤིབས་པའི་དུས་ཚོད་ནང་བཞིན་མཉམ་འཛོམས་ཡོང་བའི་སྨོན་ལམ་འདེབས།།
ལུས་གཉིས་བར་དུ་རྒྱང་ཐག་ཆད་ཀྱང་སེམས་གཉིས་ཉེ་འགྲམ་གོང་བུ་ཉིད།།
བརྩེ་སེམས་གཙང་མའི་མེ་ལོང་ངོས་སུ་ཨ་མའི་བཞིན་རས་གཅིག་ཁོ་ན།།
ལུས་གོག་ས་ལ་མ་བཞག་བར་དུ་སེམས་ནས་མི་གཏོང་དམ་བཅའ་ཡོད།།

སེ་ར་ཐེག་ཆེན་གླིང་ལྡན་མ་ཁང་ཚན་དབེན་པའི་སྐྱིད་ཚལ་རང་ཤག་ཏུ་སེམས་ཀྱི་ཉམས་སྣང་དང་བཅས་ཨ་མ་དྲིན་པའི་གྱེས་བྲལ་གྱི་སྡུག་བསྔལ་བའི་མྱོང་ཚོར་ཡི་གེ་རི་མོ་གཟུགས་སུ་བཀོད་པ་དགེ་བཤེས་བསོད་ནམས་འགྱུར་མེད་ནས་སྤྱི་ལོ༢༠༠༧ཕྱི་ཟླ༦ཚེས༢༧ཉིན།། །།