སེམས་བཟང་པོ་ཡོད་ན་མི་ཚེ་དོན་དང་ལྡན་པ་ཡོང་གི་རེད།
༧རྗེ་བླ་མ་བདག་ཉིད་ཆེན་པོས། ནང་ཆོས་ཀྱི་སྙིང་པོ་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མི་བྱེད་པ་གཉིས་ཡིན་ཞིང་། ལྟ་བ་རྟེན་འབྱུང་ནི་ཚན་རིག་དང་མཐུན་པ་ཆགས་ཡོད། སྤྱོད་པ་འཚེ་བ་མི་བྱེད་པ་དེ་ཡང་ལྷ་རབ་བྱུང་ན་གཞན་ལ་ཕན་བཏགས་དང་། མ་མཐའ་ལ་ཡང་ཕན་ཐོགས་བྱེད་མ་ཐུབ་ཀྱང་གནོད་པ་མི་བྱེད་དེ་ཡིན་ལ། དེ་ནི་ཁྱིན་ཚང་གི་ཞི་བདེ་དང་། སྤྱི་ཚོགས་ཀྱི་ཞི་བདེ་དང་། འཛམ་གླིང་གི་ཞི་བདེ་བཅས་དང་འབྲེལ་བ་ཡོད། འདི་དག་ལ་ང་ཚོས་སློབ་སྦྱོང་དང་བསམས་བཞིགས་བྱེད་ཏེ་ཤེས་པ་ཞིག་བྱེད་དགོས།། ༈ ཆོས་ངོ་མ་ནི་སེམས་ཀྱི་སྟེང་དུ་ཡོད་དགོས་པས་སེམས་དུལ་ན་ཆོས་ཡིན་དེ་མ་དུལ་ན་ཆོས་མིན། སེམས་དུལ་ན་ཁྱིན་པ་ཕོ་མོ་གང་ཡང་མི་ཤེས་པ་ཞིག་ཡིན་ཀྱང་དེ་ནི་ཆོས་པ་རེད། སེམས་མ་དུལ་ན་བླ་མ་དང་དགེ་བཤེས་རྒྱལ་རིན་པོ་ཆེ་ཡིན་ན་འང་ཆོས་པའི་གྲས་སུ་ཚུད་མེད། མིང་དང་གཏམ་ཐོབ་དང་གོ་ས་ཡོད་པས་མི་ཆོག སེམས་དུལ་མ་དུལ་གྱི་སྟེང་ནས་ཆོས་ཆོས་སུ་སོང་མ་སོང་འཇོག་དགོས། མི་ལ་རིན་ཐང་བྲལ་བའི་དངོས་པོ་ནི་སེམས་བཟང་པོ་དེ་ཡིན། སྨན་ཁང་ནས་སྨན་བཅོས་བྱས་ཏེ་སེམས་བཟང་པོ་བཟོ་རྒྱུ་མེད་ལ་ཁྲོམ་ནས་སེམས་བཟང་པོ་ཞིག་ཉོ་ཆ་རྒྱག་རྒྱུ་ཡང་མེད། དེ་ནི་སོ་སོས་བསམ་བློ་བཏང་ནས་སེམས་བཟང་པོ་བཟོ་དགོས་པ་ཡིན། སེམས་བཟང་པོ་ཡོད་ན་སོ་སོ་ལ་ཡང་ཕན་མི་གཞན་དག་ལ་ཡང་ཕན། མི་ཚེ་དོན་དང་ལྡན་པ་ཡོང་གི་རེད།། ༈ རྒྱན་ཆ་ཟེར་བ་དེ་ནང་གི་རྒྱན་ཆ་དགོས་ཀྱི་རེད། ཆོས་ཡོན་ཏན་གྱི་ཤེས་ཚད་ཡོད་ན་རྒྱན་ཆ་རེད། སྒོ་གསུམ་ཞི་ཞིང་དུལ་བ་བྱེད་ན་དེ་རྒྱན་ཆ་རེད་མ་གཏོགས། ནང་ལ་ཆོས་དང་འཇིག་རྟེན་གྱི་ཡོན་ཏན་གང་ཡང་མེད་པར་སྐེད་པ་ལ་གྲི་འདྲ་བཏགས། གསེར་གྱི་ཚིགས་ཁེབས་འདྲ་ཞིག་རྒྱག ཚིགས་ཁེབས་ལ་གཟི་འདྲ་བཞག་ནས་རི་ནང་བཞིན་བྱེད་འདུག དེ་ཆོ་ཅིག་ཀྱང་མི་འདུག དཔེ་ཞབས་འདྲེན་རེད། དེ་ནི་ངོ་ཚ་ཡ་རེད། བོད་ལ་བཞུགས་མཁན་ཚོ་ལ་ལེན་སྐྱེལ་ཤོག་ཨ། ཁྱོད་ཚོས་རྒྱན་ཆ་དེ་འདྲ་བྱེད་ཡོང་དུས་རྒྱལ་བ་རིན་པོ་ཆེ་ངོ་ཚ་ནས་སྡོད་འདུག་ལབ་ཤོག་ཨ།། ༈ ང་ཚོས་རང་ཉིད་བདེ་སྐྱིད་ཡོང་བའི་ཆེད་དུ་གཞན་ལ་སྡུག་བསྔལ་བཟོ་གི་ཡོད། ཡིན་ནའང་བདེ་སྐྱིད་ངོ་མ་ནི་ནང་སེམས་ཀྱི་ཞི་བདེ་དང་འདོད་ཆུང་ཆོག་ཤེས་བྱས་པ་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་གཞན་ཕན་སྙིང་རྗེ་དང་བརྩེ་སེམས། གཞན་དོན་ལྷུར་ལེན་གྱི་ཕྱོགས་ལ་བློ་སྦྱངས་བྱས་ཏེ་ཁོང་ཁྲོ་དང་གཅེས་འཛིན་འདོད་རྔམ་གྱི་བསམ་བློ་དེ་ཚོ་རྩ་མེད་བཟོ་དགོས་ཅེས་གསུངས་སོ། །